糌粑 - 黎智坚措

黎智坚措

专辑:《城市藏人》

更新时间:2025-03-17 15:42:12

文件格式:mp3

网盘下载

糌粑 - 黎智坚措 歌词

糌粑 - 黎智坚措 (Uncle Buddhist)

词:曼拉杰

曲:黎智坚措

ནས་འབྲུ་སྔོན་མོའི་འཁྲུངས་ས།

དགའ་ས་ལེགས་འོ།

མགོ་ནག་བོད་ཀྱི་ཕ་ས།

སྐྱིད་ས་ལེགས་འོ།

སྦྲང་དཀར་རྩམ་པོའི་དྲི་ཞིམ།

དགའ་ས་ལེགས་འོ།

གངས་ཅན་བོད་པའི་ཐུགས་རྒྱུད།

སྐྱིད་ས་ལེགས་འོ།

སྔོན་བསྐལ་བ་ཆགས་པའི་དུས་སྐབས་ལ།།

སྟོད་ཡར་ཀླུང་ཟོ་ཐང་ཡངས་པོ་ནས།།

བཟའ་ནས་འབྲུ་སྔོན་མོའི་ཞིང་ཞིག་བཏབ།།

ནས་སྔོན་མོས་སྦྲང་དཀར་རྩམ་པ་གནང་།།

བོད་ཆོལ་གསུམ་འཚོ་བའི་བརྟེན་ཕུར་ནི།།

ནས་སྔོན་མོའི་ཉིང་བཅུད་འདི་ཡིས་བྱས།།

ཟས་ཞིམ་པོ་སྦྲང་དཀར་རྩམ་པ་འདིས།།

བོད་མཐའ་བཞིའི་རྒྱལ་ཁམས་སྐྱོངས་དུས་ན།།

བུ་བུ་མོའི་གྲངས་ཀ་འཕེལ་དུ་བཅུག།

གནས་ཤེས་བྱའི་སྐྱེད་ཚལ་འགྲིམས་དུས་ན།།

བློ་རྣམ་དཔྱོད་རིག་པ་རྒྱས་སུ་བཅུག།

དགོས་གངས་ཅན་བོད་ལ་བདེ་སྐྱིད་བསྐྲུན།།

ཟས་ཀྱི་དྭངས་མ་སྦྲང་དཀར་ཟས་མཆོག་འདི།།

འབྱུང་བཞི་ནད་ཀྱི་གཉེན་པོ་དང་།།

ལུས་ཀྱི་སྟོབས་སྐྱེད་སྨན་དང་མཚུངས།།

མགོ་ནག་བོད་པ་བསོད་ནམས་ཅན།།

ཟས་མཆོག་འདི་དང་འབྲལ་མེད་ཤོག།

ལོངས་སྤྱོད་ཕུན་སུམ་རྒྱས་པར་ཤོག།

བཀྲ་ཤིས་ཕྱྭ་གཡང་རྒྱས་གྱུར་ཅིག།

ཡར་ཀླུངས་ཟོ་ཐང་ཞིང་གི་ནས་འབྲུ་སྔོན་མོར་གཤོག་པ་མེད་དེ་གཤོག་པ་ཡོད།

འདབ་གཤོག་དཀར་པོ་གངས་ཀྱི་ར་བས་བསྐོར་བའི་ཡུལ་གྲུ་ཀུན་ལ་བརྐྱངས་ཏེ་ཆོལ་ཁ་ཡོངས་ལ་སེར་པོ་གསེར་གྱི་སྐེད་རགས་བཅིངས།

ནས་འབྲུ་གཤོག་ཐོགས་དེ་ཚོ་ཉི་མའི་པང་ནས་ཐོར་བའི་ཡི་གའི་ཕྲེང་བ་སྟེ།

རྩེད་ཐང་གོང་པོ་རི་ནས་ཕྱོགས་བཞིར་མཆེད་པའི་མི་རིགས་འདི་ཡི་ཤེས་རིག་འོད་ཀྱི་ལོ་རྒྱུས་འཛམ་པུ་གླིང་གི་གཙུག་ཏུ་འབྲི་རོགས་མཛད།

མགོ་ནག་རྩམ་ཟན་བོད་པ་ཚོ།

ནས་འབྲུ་གཤོག་ཐོགས་གངས་ཀྱི་རྨི་ལམ་ཡིན་ལ་གངས་ཅན་བོད་མིའི་ལྷ་སྐལ་ཡིན།

ནས་འབྲུ་གཤོག་ཐོགས་དེ་ཚོ་ལྷ་ཡི་ཕོ་ཉ་ཡིན་ལ་མི་སེམས་དཀར་པོའི་འོད་སྣང་ཡིན།

ནས་འབྲུ་གཤོག་ཐོགས་འཕུར་བའི་ས་ལ་སྦྲང་དཀར་རྩམ་པའི་དྲི་ཞིམ་མཆེད་ཅིང་སྨུག་པོ་མི་ཡི་རིགས་རྒྱུད་འཕེལ།

ནས་འབྲུ་གཤོག་ཐོགས་བབས་པའི་སྦྲང་དཀར་རྩམ་པའི་དྲི་ཞིམ་འཐུལ་ཞིང་མི་སེམས་དཀར་པོ་ཆོས་ལ་ཕྱོགས།

ནས་འབྲུ་སྔོན་མོ་རྡོག་གཅིག་ཡིན་ན་ཆོག་པའི་ང་དང་ང་དག་ཀྱང་།

མགོ་ནག་རྩམ་ཟན་གངས་ཅན་བོད་པའི་རྒྱད་པའི་རྒྱད་པ་ཕྱི་མ་སྡེ།

ཕ་ཡིལ་ཁ་ཐག་བཀྱེད་ཅིང་འབྲུ་མར་སེར་པོར་རྒྱང་ཐག་རིང་ལ་འོ་ཞོ་ལྷད་མེད་མྱོང་བ་ཉིན་རེ་བཞིན་དུ་ཇེ་དཀའ་ཇེ་དཀའ་ཡིན་ན་ཡང་།

ལུས་ཀྱི་ཆ་ལུགས་བརྗེས་ཤིང་ངག་གི་སྨྲ་ལྕེ་ལྐུགས་ལ་སེམས་པས་རང་ལྕོགས་མ་ཐུབ་ཉིན་རེ་བཞིན་དུ་ཇེ་ཐུ་ཇེ་ཐུ་ཡིན་ན་ཡང་།

ནས་འབྲ་སྔོན་མོའི་བྱུང་བ་མ་བརྗེད་ཡིད་ལ་ཟུངས་དང་སེར་ན་འདོད།

སྦྲང་དཀར་རྩམ་པའི་བཀའ་དྲིན་མ་བརྗེད་ཡིད་ལ་ཟུངས་དང་སེར་ན་འདོད།

ནས་འབྲུ་སྔོན་མོའི་འཁྲུངས་ས།

དགའ་ས་ལེགས་འོ།

མགོ་ནག་བོད་ཀྱི་ཕ་ས།

སྐྱིད་ས་ལེགས་འོ།

སྦྲང་དཀར་རྩམ་པོའི་དྲི་ཞིམ།

དགའ་ས་ལེགས་འོ།

གངས་ཅན་བོད་པའི་ཐུགས་རྒྱུད།

སྐྱིད་ས་ལེགས་འོ།